སློབ་གཉེར་བྱེད་པ་ལ་ཉིན་རེའི་འགྲོ་རིམ། 


རང་རིགས་ཡེ་ཤེས་ལྷ་ལ་ཕྱག་འཚལ་ནས།། 
རང་སྦྱོང་དོན་གྱི་ཉམས་ལེན་བྱེད་པའི་ཚུལ།། 
རང་ལ་ཅུང་ཙམ་ཡོད་པ་ལྟར་འབྲེལ་ཏེ།།  
རང་གཞན་དོན་དུ་ལྷག་བསམ་དག་པས་བཤད།། 
རང་བྱུང་རིག་པའི་ངོ་བོ་སྐྱོང་ཚུལ་ནི།། 
རང་ངོ་སྐྱོང་བའི་ཉམས་ལེན་ཞལ་ཤེས་ལྟར།། 
རང་བཞིན་མ་བཅོས་གཡོ་མེད་ངང་ལ་བཞག ། 
རང་ཉིད་གཅིག་པུ་དབེན་གསུམ་བསྟེན་པའམ།། 
གཞན་དག་མང་པོའི་ཚོགས་སུ་ཞུགས་ན་ཡང་།།
གཞན་དོན་སེམས་བསྐྱེད་དང་འབྲེལ་མི་བརྗེད་གལ།།  
གཞན་ཡང་རིག་གནས་གཞུང་དོན་གང་དང་གང་།། 
གཞན་སྡེ་རང་ལུགས་ཟུང་འབྲེལ་བལྟ་རྒྱ་དགོས།། 
དེ་ཡང་ནངས་མོ་ལངས་མ་ཐག་པ་ནས།། 
དེ་བཞིན་ཉིད་ཀྱི་གནས་ལུགས་མ་བཅོས་པའི།། 
དེ་དོན་སྔོན་དངོས་རྗེས་གསུམ་ཚང་བའི་ངང་།། 
དེ་ལྟར་ཆུ་ཚོད་གཉིས་ལ་ཞལ་འདོན་གྱིས།། 
དེ་ནས་བློ་འཛིན་སྐྱོར་སྦྱོང་ཆུ་ཚོདགཉིས།། 
དེ་དོན་ཐོས་བསམ་རིག་པས་ངེས་པར་བྱ།། 
དེ་ནས་ཐུན་མོང་རིག་གནས་བྲི་ཀློག་སྦྱོང་།། 
དེ་ལའང་ཆུ་ཚོད་གཉིས་ཙམ་གནད་འགྲོ་བྱ།། 
དགོང་མོ་སླར་ཡང་སྐྱོར་སྦྱོང་ཅི་ནུས་བྱ།། 
ཉལ་ཁར་བསྔོ་སྨོན་རྒྱས་གདབ་ཉམས་ལེན་ངང་།། 
རྣམ་རྟོག་མི་འཕྲོ་བླ་མའི་གསོལ་འདེབས་དང་།། 
ཐུགས་ཡིད་གཅིག་འདྲེས་ངང་དུ་གཉིད་ལོག་ན།། 
རྨི་ལམ་དུ་ཡང་ཉིན་སྣང་རྗེས་འབྲང་སྟེ།། 
དགེ་སྦྱོར་འཕེལ་ངེས་དེ་ལྟར་ཐུགས་ལ་ཟུངས།། 
ཉིན་རེར་རྒྱུན་གྱི་ཉམས་ལེན་ཆགས་མེད་དང་།།
ཉིན་མཚན་ཀུན་ཏུ་སློབ་གཉེར་བརྩོན་པ་ན།། 
ཉིན་མོའི་སྣང་བ་བཞིན་དུ་ཤེས་རབ་གསལ།། 
ཉིན་སྐྱེས་བཞག་སྐྱེས་ལྗོན་ཤིང་དཔེ་བཞིན་དུ།། 
ཡོན་ཏན་གང་མང་འཕེལ་བའི་གང་ཟག་དེ།། 
ཡོན་གནས་བླ་ན་མེད་པ་ཚོགས་ཀྱི་ཞིང་།། 
ཡོན་ཏན་ཀུན་ལྡན་སྐྱོན་ཀུན་ཟད་པ་ན།།  
ཡོན་ཏན་གཞི་གྱུར་སངས་རྒྱས་འབྲས་བུ་ཐོབ།། 

               —མཁས་གྲུབ་བོན་བརྒྱ་རིན་པོ་ཆེས།